༈ །།མཐའ་བྲལ་ལྟ་བས་ཆོས་ཀུན་སྟང་པར་གཟིགས། །ཡང་དག་རིགས་པས་རྒོལ་ངན་དྲེགས་ པ་འཛོམས། །དམིགས་མེད་ཐུགས་རྗེས་འགྲོ་ལ་བུ་ལྟར་བརྩེ། །འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ལ་ཕྱག་འཚལ། །རྣམ་བཀྲའི་གཟུགས་ལ་མིག་གིས་ལྟ་བ་བཞིན། །རྣམ་མང་རྒྱལ་བའི་གསུང་རབ་ཇི་སྙེད་ལ། །རྣམ་དག་མཁྱེན་པ་ཐོགས་པ་མེད་འཇུག་པ། །ཐོགས་མེད་སྐུ་མཚད་ ཞབས་ལ་ཕྱག་འཚལ་ལོ། །གནས་གསུམ་གཞལ་བྱའི་དེ་ཉིད་མ་ལུས་པ། །ཚད་མ་གསུམ་གྱིས་གཏན་ལ་ཕབ་པའི་དོན། །སྒྲུབ་དང་སུན་འབྱིན་དག་གིས་འདོམས་མཛད་པ། །རིགས་པའི་དབང་ཕྱུག་གཉིས་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅས་ ཤིང༑ ༑འབུམ་ཕྲག་འདུལ་བའི་གཞུང་གི་གདེངས་ཀས་བརྗིད། །རྣམ་གྲོལ་ཐར་པའི་ནོར་བུས་གཙུག་ན་མཛེས། །མཆོག་གཉིས་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །ཅེས་པ་འདི་ནི་རིགས་རུས་ཕུན་སུམ་ཚོགས་པའི་མངའ་བདག་བདག་པོ་གྲགས་པ་རྒྱལ་མཚན་པས་བསྐུལ་ བའི་དོན་དུ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།།